ཨཱཛ་ཊེ་ལི་ཡ་ལུ་ ཆར་རླུང་ཚབས་ཆེན་གྱི་ཉེན་བརྡ།

སི་ཀའི་གནས་ཚུལ།
ཨཱཛ་ཊེ་ལི་ཡའི་ ཤར་ཕྱོགས་ཁ་ཐུག་ལུ་ ཚེ་སྲོག་ལུ་ ཉེན་ཁ་ཡོད་པའི་ ཆར་རླུང་ཚབས་ཆེན་ལུ་བརྟེན་ཏེ་ ཆུ་རུད་དང་ ས་རུད་ཚུ་ འཐོན་ནི་བཟུམ་ཡོདཔ་ལས་ མི་སེར་སྟོང་ཕྲག་ལས་བཅད་དེ་ རང་སོའི་སྡོད་ཁྱིམ་ནང་ལས་ ས་གནས་གཞན་ཁར་ སྤོ་བཤུད་འབད་དགོ་པའི་ བཀོད་རྒྱ་གནང་ནུག།
དེ་ཡང་ སྔོན་དཔག་འབད་མི་ཚུ་གིས་ རླུང་འཚུབ་ཨཱལ་ཕེཌ་ཟེར་མི་དེ་གིས་ དང་པ་ར་ བི་རིཛ་བཱེན་མངའ་སྡེའི་ བྱང་ཕྱོགས་ལུ་ གནོད་པ་འབྱུང་ནི་བཟུམ་ཡོད་པའི་ བརྡ་དོན་སྤེལ་ཡོདཔ་ཨིན་པས།
གནས་སྐབས་ཅིག་ རླུང་འཚུབ་ཀྱི་ ཤུགས་ཚད་དེ་ དུམ་གྲ་ཅིག་ ཉམས་ཡོད་རུང་ ཀུ་ཡིནཛ་ལེན་དང་ ནིའུ་ས་འུཐ་ཝཱེལཛ་ལུ་ གློག་ཐག་ཚུ་ མེདཔ་ཐལ་ཏེ་ སྡོད་ཁྱིམ་ ༢༥༠,༠༠༠ ལྷགཔ་ཅིག་གི་ནང་ གློག་མེ་མེད་པར་ཡོདཔ་སྦེ་བཀོད་ནུག།
ད་ཚུན་ ལུང་པའི་མདའ་ལུ་ཡོད་མི་ སྡོད་ཁྱིམ་ཚུ་ལས་ཡང་ མིསེར་ ༡༩,༠༠༠ ལྷགཔ་ཅིག་ ས་གནས་གཞན་ཁར་ བསྐྱལ་ཡོདཔ་ད་ མི་ ༡ གཙང་ཆུ་གིས་འཕྱགས་བདའ་ཡོདཔ་ལས་ འཚོལ་མ་ཐོབ་པར་ཡོད་རུང་ མི་སེར་ ༣༩ དེ་ཅིག་ ཆུ་རུད་ཀྱི་ཉེན་ཁ་ལས་ སྲོག་སྐྱབས་འབད་ཚུགས་ཡོདཔ་ཨིན་པས།
དེ་བཟུམ་མའི་ ཆར་རླུང་ཚབས་ཆེན་ལུ་བརྟེན་ཏེ་ མི་མང་སྐྱེལ་འདྲེན་དང་ གནམ་གྲུ་འཕུར་འགྲུལ་ཚུ་ཡང་ མཚམས་འཇོག་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: