
ཚེ་རིང་ལྷ་མོ།
སྤྱི་ཟླ་ ༢ པའི་ཚེས་ ༢༢ ལུ་ གཞི་བཙུགས་འབད་མི་ མཁས་རིག་ལག་རྩལ་མཐུན་ཚོགས་ཀྱིས་ སྔོན་འགྲོའི་ལྷབ་སྦྱང་ངོས་འཛིན་གྱི་ སྦྱོང་བརྡར་གྱི་དོན་ལུ་ ལས་མི་ ༥༠ གཏང་ནི་ཨིན་པས།
ལས་གཡོག་ལས་ཁུངས་ཀྱིས་ རིག་རྩལ་ལས་མི་མཐུན་ཚོགས་ཀྱི་ ལས་རིམ་ནང་ སྤྲོ་བ་ཡོད་མི་ མི་ངོ་ ༡༦ ངོས་འཛིན་འབད་ཡོད་རུང་ ཁོང་ལུ་ ལག་ཁྱེར་མེདཔ་ལས་ མི་ངོམ་ ༡༦ ལུ་ སྔོན་འགྲོའི་ལྷབ་སྦྱང་ངོས་འཛིན་གྱི་ སྦྱོང་བརྡར་ཚུལ་མཐུན་ བྱིན་ཐབས་ལུ་ ལས་མི་ལས་ཁུངས་ཀྱི་ མདོ་ཆེན་གྱིས་ འགོ་ཁྲིད་འབད་དེ་ འགོ་དཔོན་ ༢ ཡོད་མི་ སྡེ་ཚན་ཅིག་གིས་ ལྷུན་རྩེ་ལས་མི་ལས་ཁུངས་ཀྱི་ གྲོགས་རམ་ཐོག་ལུ་ ད་ཚུན་གྱི་བར་ན་ ཤར་ཕྱོགས་རྫོང་ཁག་ ༤ གི་ རིག་རྩལ་ལས་མི་མཐུན་ཚོགས་ཀྱི་ ལས་བྱེདཔ་དང་ ལཱ་གཡོག་བྱིན་མི་ཚུ་དང་གཅིག་ཁར་ ཞལ་འཛོམས་དང་ གྲོས་བསྟུན་ཚུ་འབད་ནུག།
རིག་རྩལ་ལས་མི་མཐུན་ཚོགས་ཀྱིས་ དེ་བཟུམ་མའི་ གསར་བཏོད་ལས་རིམ་དེ་ཡང་ རྒྱལ་ཁབ་ནང་ རིག་རྩལ་ཅན་གྱི་ རྒྱལ་ཡོངས་ལས་མི་ གཞི་བཙུགས་འབད་ནི་དང་ ས་གནས་ཀྱི་ རིག་རྩལ་གྱི་ དགོས་མཁོ་ཚུ་འགྲུབ་ནི་ ལཱ་གཡོག་མེད་མི་ཚུ་ མར་ཕབ་འབད་ནི་ཚུ་གི་སྒོ་ལས་ མཐར་ཐུག་ལུ་ དཔལ་འབྱོར་ཡར་འཕར་ལུ་ འཕུལ་ཤུགས་འབད་ནིའི་དོན་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ད་རེས་ ལས་མི་ ༢༦༡ འབདཝ་ད་ ཨམ་སྲུ་ ༢༡ དང་ ཕོ་སྐྱེས་ ༢༤༠ གི་གྲས་ལས་ ལག་ཁྱེར་ཡོད་མི་ ལས་མི་ ༡༨༥ ཡོདཔ་ད་ ལག་ཁྱེར་མེད་མི་ ལས་མི་ ༥༠ པོ་དེ་ སྡེ་ཚན་ ༢ ལུ་དབྱེ་སྟེ་ སྔོན་འགྲོའི་ལྷབ་སྦྱང་གི་དོན་ལུ་ བཏང་ནི་ཨིན་མི་དེ་ཡང་ ༢༥ ཆུ་དུང་བཙུགས་ལཱ་དང་ ༢༥ གློག་མེ་བཙུགས་ལཱའི་ སྦྱོང་བརྡར་གྱི་དོན་ལུ་ གཏང་ནི་ཨིན་པས།
རིག་རྩལ་ལས་མི་མཐུན་ཚོགས་ཀྱིས་ མ་དངུལ་གྱི་ རྒྱབ་སྐྱོར་དང་ གོ་སྐབས་གཞན་ཚུ་ འཚོལ་དོ་ཡོདཔ་ཨིན་རུང་ གནས་སྐབས་ཅིག་གི་དོན་ལུ་ མཐུན་ཚོགས་དེ་ ལས་མི་ཚུ་གིས་ སྤྲོད་དགོ་པའི་ ལོ་བསྟར་འཐུས་ཁྲལ་ཐོག་ལས་ རྒྱུན་སྐྱོང་འཐབ་ནི་ཨིནམ་ད་ ཤུལ་མའི་ལོ་ངོ་ ༥ གི་ནང་ ལས་རིམ་དེ་ ཤིང་བཟོ་དང་ ལྕགས་མཐུད་ ལྷ་བྲིས་ རྩིག་བཟོ་ལ་སོགས་པ་ཚུ་ལུ་ རྒྱ་སྐྱེད་འབད་ནི་གི་ རེ་བ་ཡོདཔ་ཨིན་པས།
རིག་རྩལ་ལས་མི་མཐུན་ཚོགས་དེ་ འཕྲུལ་རིག་དང་ གཡོག་འབྲེལ་སྦྱོང་བརྡར་ མཐར་འཁྱོལ་ཡོད་མི་ ཁམས་གསུམ་གཡུལ་རྒྱལ་དགེ་ལེགས་ཀྱི་ ཁྲི་འཛིན་འོག་ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།




Users Today : 63
Users Yesterday : 1298
This Month : 46467
This Year : 226370
Total Users : 938186
Views Today : 100
Total views : 2733888
Who's Online : 5