
སྤྱི་ཟླ་ ༣ པའི་ཚེས་ ༡༤ ལུ མཐའ་ཡས་ལེན་ལུ་ འབྲུག་གི་གཞུང་ཚབ་ ཀུན་བཟང་རྡོ་རྗེ་གིས་ མཐའ་ཡས་ལེན་གྱི་བློན་ཆེན་ པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་རའི་ སྐུ་མདུན་ལུ་ བཅར་ཡོདཔ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ འབྲུག་གི་བློན་ཆེན་ཚུ་གི་ ཁ་ཐུག་ལས་ བཀྲིས་ལེགས་སྨོན་ཡོད་ལུགས་ཚུ་ཞུ་ནུག།
དེ་བསྒང་ འབྲུག་དང་ མཐའ་ཡས་ལེན་གྱི་བར་ན་ཡོད་མི་ མཐུན་ལམ་སྲ་བརྟན་དང་ རྒྱལ་ཁབ་ ༢ ཀྱི་ སྐུ་འཁོར་ལྷན་རྒྱས་ཚུ་གི་བར་ན་ མཐུན་ལམ་དམ་གཟབ་ཡོད་པའི་སྐོར་ལས་ཡང་ གསུང་གྲོས་ཚུ་གནང་ནུག།
མཐའ་ཡས་ལེན་གྱི་ བློན་ཆེན་གྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་དམ་གཟབ་ཡོད་པའི་ གནད་དོན་ཡོངས་རྫོགས་དང་འབྲེལ་ཏེ་ མཐའ་ཡས་ལེན་གཞུང་གིས་ རྒྱབ་སྐྱོར་ཧྲིལ་བུར་ཡོད་ལུགས་ཚུ་ གསུངས་ཡོདཔ་ཨིན་པས།
གཞུང་ཚབ་ཀྱི་ ཁ་ཐུག་ལས་ མཐའ་ཡས་ལེན་ལས་ འབྲུག་ལུ་ རྒྱལ་ཁམས་གཟིགས་སྐོར་ལུ་ འབྱོན་ནི་སྦེ་ཡོད་པའི་སྐོར་ལས་ འབྲུག་གཞུང་དང་ མི་སེར་ཚུ་ སེམས་དགའ་སྟེ་ཡོད་ལུགས་དང་ གཟིགས་སྐོར་དེ་ཡང་ འབྲུག་དང་ མཐའ་ཡས་ལེན་གྱི་ མཐུན་ལམ་དང་ ལེགས་སྨོན་དམ་གཟབ་ཀྱི་ འབྱུང་རབས་ནང་ གལ་ཆེ་བའི་ གནད་དོན་ཅིག་ལུ་ འགྱུར་ནི་ཨིནམ་སྦེ་ ཞུ་བའི་ཁར་ བློན་ཆེན་གྱིས་ རྒྱལ་ཁམས་ཀྱི་ གཟིགས་སྐོར་བལྟ་རྟོག་ཚོགས་ཆུང་གི་ ཁྲི་འཛིན་མཛད་གནང་མི་ལུ་ཡང་ བཀྲིན་ཆེ་ལུགས་ཞུ་ནུག།
དེ་མ་ཚད་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་ཚུ་ སྔར་བ་ལྷགཔ་སྦེ་ བཙན་ཐབས་འབད་ནི་དང་ མཐའ་ཡས་ལེན་གཞུང་དང་ ཕྱི་འབྲེལ་ལྷན་ཁག་ དེ་ལས་ འབྲེལ་ཡོད་ལས་སྡེ་ཁག་གིས་ འབྲུག་གི་གཞུང་ཚབ་ཡིག་ཚང་ལུ་ རྒྱབ་སྐྱོར་མཛད་བཞིན་དུ་ཡོད་མི་ལུ་ཡང་ བཀྲིན་དགའ་ཚོར་ ཞུ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཟླཝ་ཤུལ་མའི་ནང་ མཚན་རྟགས་བཀོད་ནི་སྦེ་ཡོད་མི་ གུ་ཡངས་ཚོང་འབྲེལ་ཆིངས་ཡིག་ མཇུག་བསྡུ་གནང་མི་ལུ་ཡང་ བློན་ཆེན་དང་ མཐའ་ལེན་གཞུང་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ ཞུ་ཡོད་པའི་གནས་ཚུལ།





Users Today : 91
Users Yesterday : 1298
This Month : 46495
This Year : 226398
Total Users : 938214
Views Today : 155
Total views : 2733943
Who's Online : 6