འབྲུག་གི་ལམ་སྲོལ་ཅ་དངོས་ཚུ་ དེང་དུས་ཀྱི་ ཚན་རིག་ཐབས་ལམ་ཐོག་ལས་ ལག་ལེན་འཐབ་ནི།

འཇམ་དབྱངས་ཆོས་སྒྲོན།
ནང་སྲིད་ལྷན་ཁག་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་འོག་གི་ ཅ་རྙིང་སྡེ་ཚན་གྱིས་ འབྲུག་གི་ལམ་སྲོལ་ཅ་དངོས་ཚུ་ ཉམས་སྲུང་འབད་ཐབས་ལུ་ དེང་དུས་དང་བསྟུན་པའི་ ཡར་འཕེལ་ཅན་གྱི་ ཚན་རིག་ཐབས་ལམ་ཚུ་ ལག་ལེན་འཐབ་ནི་ཨིན་པས།
དེ་ཡང་ འབྲུག་གི་ཁྱད་ཆོས་ཅན་གྱི་ སྔར་ཁྱུན་ལམ་སྲོལ་ཚུ་ ཧེ་མ་ལས་ཡོད་མི་ ཉམས་སྲུང་ལམ་ལུགས་དང་ དེང་དུས་དང་བསྟུན་པའི་ འཕྲུལ་རིག་གཅིག་སྒྲིལ་ཐོག་ལས་ ལག་ལེན་འཐབ་ནི་ཨིན་པས།
འབྲུག་ལུ་ ཉམས་སྲུང་གི་དོན་ལས་ སྔར་ཁྱུན་ལམ་སྲོལ་གྱི་ ཚན་རིག་ཟེར་མི་ གོ་བསྡུར་ཞལ་འཛོམས་དེ་ སྤྱི་ཟླ་ ༣ པའི་ཚེས་ ༡༣ ལས་ ༢༤ ཚུན་ ཐིམ་ཕུ་དང་ སྤ་རོ་ ཀྲོང་གསར་ཚུ་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ཡང་ འབྲུག་གི་འགྲེམ་སྟོན་ཁང་ཚུ་ནང་ ལཱ་འབད་མི་དང་ ཉམས་སྲུང་གི་ ལཱ་འབད་མི་ཚུ་ལུ་ ལམ་སྲོལ་ཅན་གྱི་ ཅ་རྙིང་ཚུ་ ཉམས་སྲུང་འབད་ཐབས་ལུ་ ཚན་རིག་དང་འབྲེལ་བའི་ ཐབས་ལམ་ཚུ་གི་ ལྕོགས་གྲུབ་ཡོདཔ་ བཟོ་ཐབས་ལུ་ཨིན་པས།
སྤྱི་ཟླ་ ༣ པའི་ཚེས་ ༡༢ ལུ་ གོ་བསྡུར་ཞལ་འཛོམས་དེ་གི་ འགོ་འབྱེད་རྟེན་འབྲེལ་དེ་ ཐིམ་ཕུ་ཀ་ཝ་གྱང་ས་ལུ་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་ ཞལ་འཛོམས་ཁང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་བསྒང་ ནང་སྲིད་བློན་པོ་གིས་གཙོས་པའི་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་ མདོ་ཆེན་དང་ འགོ་དཔོན་ཚུ་གིས་ གྲལ་གཏོགས་མཛད་ནུག།
གོ་བསྡུར་ཞལ་འཛོམས་དེ་ ལོན་ཌཱོན་གྱི་ ཀུ་ཡིན་མེ་རི་ གཙུག་ལག་སློབ་སྡེའི་ མ་དངུལ་རྒྱབ་སྐྱོར་ཐོག་ལུ་ ཀུ་ཡིན་མེ་རི་ གཙུག་ལག་སློབ་སྡེ་དང་ ཀེམ་བི་རིཇ་ གཙུག་ལག་སློབ་སྡེ་ ༢ མཉམ་འབྲེལ་འབད་དེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
འབྲུག་གི་འགྲེམ་སྟོན་ཁང་ཚུ་གིས་ ད་ཚུན་གྱི་བར་ན་ ལོ་ངོ་ལེ་ཤ་གི་རིང་ལུ་ ཅ་རྙིང་ཉམས་སྲུང་ཚུ་ སྔར་སྲོལ་ལམ་ལུགས་ཐོག་ལུ་ ལག་ལེན་འཐབ་དོ་ཡོདཔ་ད་ ལམ་ལུགས་དེ་ཚུ་ དེང་དུས་ཀྱི་ ལམ་ལུགས་དང་ཕྱདཔ་ད་ སྐྱོན་ཞུགས་ཀྱི་ ཉེན་ཁ་མང་སུ་ཡོདཔ་ཨིན་པས།
ཚན་རིག་ཐོག་གི་ ཉམས་སྲུང་རིམ་ལུགས་དེ་ གློག་དཔར་དང་ གློག་རིག་ཀམ་པུས་ཊར་ལ་སོགས་པ་ ལག་ལེན་འཐབ་སྟེ་ བཟོ་བསྐྲུན་གྱི་ དུས་ཚོད་དང་ རྫས་སྦྱོར་ཚུ་ བརྟག་དཔྱད་འབད་ཚུགསཔ་ཨིན་པས།
དེ་མ་ཚད་ ཀུ་ཡིན་མེ་རི་ གཙུག་ལག་སློབ་སྡེའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཅ་རྙིང་བརྟག་དཔྱད་ཀྱི་དོན་ལུ་ ཀམ་པུས་ཊར་དང་ དཔར་ལེན་འཕྲུལ་ཆས་ ཨང་གནས་ཅན་གྱི་དཔར་ཆས་ དེ་ལས་ མཉེན་ཆས་མ་འདྲཝ་ཡོད་མི་ཚུ་གིས་ འབྲུག་གི་ལམ་སྲོལ་ས་ཁོངས་ཚུ་ནང་ ཅ་རྙིང་ ༥,༠༠༠ ལྷགཔ་ཅིག་ བསྡུ་གསོག་འབད་དེ་ བཞག་ཡོད་མི་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིན་པའི་གནས་ཚུལ།

Please follow and like us: