
པདྨ་དབང་འདུས།
ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་ མཐོང་སྣང་དང་འཁྲིལ་བ་ཅིན་ དུས་ཅི་གི་ལོ་ནང་ འབྲུག་རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་འཕར་དེ་ བརྒྱ་ཆ་ ༨.༥ དེ་ཅིག་ འཐོན་ནི་ཨིན་པའི་ སྔོན་དཔག་འབད་ཡོདཔ་ད་ དེ་ཡང་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་ སྙན་ཞུ་ཅིག་ནང་ དཔལ་འབྱོར་ཡར་འཕར་དེ་ལུ་ གཙོ་བོ་ར་ ཆུར་བརྟེན་གློག་མེ་ལས་འགུལ་ཚུ་དང་ བལྟ་བཤལ་ལས་སྡེ་ བསྐྱར་གསོ་ལུ་བརྟེན་ཏེ་ འཐོན་ནི་ཨིནམ་སྦེ་བཀོད་ནུག།
ཨེ་ཤི་ཡ་ གོང་འཕེལ་དངུལ་གི་ མཐོང་སྣང་སྙན་ཞུ་ལྟར་དུ་འབད་བ་ཅིན་ དུས་ཅི་གི་ལོ་ནང་ བཟོ་གྲྭ་ལས་སྡེ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་འཕར་ལུ་ བརྒྱ་ཆ་ ༡༨.༦ དེ་ཅིག་ ཁེ་ཕན་འབྱུང་ནི་དང་ དཔལ་འབྱོར་ཡར་འཕར་གྱི་ ཚད་གཞི་ཡར་སེང་འཐོན་ནི་སྦེ་ སྔོན་དཔག་འབད་མི་དེ་ཡང་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ ༢ པ་ལས་ གློག་མེ་རྒྱུན་སྤེལ་ འགོ་བཙུགས་ནི་དང་ འཁོར་ལོ་ཆུ་ གློག་མེ་ལས་འགུལ་གྱི་ བཟོ་བསྐྲུན་འགོ་བཙུགས་མི་དེ་གིས་ དཔལ་འབྱོར་ཡར་སེང་ལུ་ ཤན་ཞུགས་འབད་ནི་ཨིན་པས།
ཨིན་རུང་ ཤུལ་མའི་ལོ་ནང་ བཟོ་གྲྭ་ལས་སྡེའི་ ཡར་འཕར་དེ་ ཉམས་ནི་བཟུམ་ཡོདཔ་ལས་ དཔལ་འབྱོར་རྒྱ་སྐྱེད་ཀྱི་ མགྱོགས་བགྲོད་ལུ་ མར་འབབ་འབྱུང་ནི་བཟུམ་ཅིག་ཡོདཔ་ད་ དེ་ཡང་ ཆུར་བརྟེན་གློག་མེ་ལས་འགུལ་ལས་ གློག་མེ་རྒྱུན་སྤེལ་ འགོ་བཙུགས་ནི་དང་ བཟོ་བསྐྲུན་འགོ་བཙུགས་ནི་དང་ཕྱདཔ་ད་ ཁེ་ཕན་ཚུ་ ཉམས་ནི་བཟུམ་ཅིག་ཡོདཔ་སྦེ་བཀོད་ནུག།
དེ་དང་གཅིག་ཁར་ རྒྱལ་སྤྱི་བལྟ་བཤལ་པའི་གྱངས་ཁ་ཡང་ ཡར་སེང་འགྱོ་བཞིན་དུ་ཡོདཔ་ལས་ བལྟ་བཤལ་ལས་སྡེའི་ནང་ ཡར་འཕར་བརྒྱ་ཆ་ ༤.༩ དེ་ཅིག་ འཐོན་ནི་ཨིན་པའི་ སྔོན་དཔག་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ནགས་ཚལ་ལས་དོན་ཚུ་གིས་ སོ་ནམ་ལས་སྡེ་ཡར་འཕར་ལུ་ ལྷན་ཐབས་འབྱུང་ནི་དང་ དེ་ཡང་ གཞུང་གིས་ དུས་ཅི་གི་ ལོ་འགོ་ལས་ ཤིང་ཆས་ཚུ་ ཕྱིར་ཚོང་འཐབ་ཆོགཔ་སྦེ་ བཟོ་གནང་ནི་དེ་གིས་ ལས་སྡེ་ཡར་འཕར་ལུ་ ཕན་ཐོགས་འབྱུང་ནི་གི་ རེ་བ་ཡོདཔ་སྦེ་བཀོད་ནུག།
རྒྱལ་ཁབ་ནང་གི་ གོང་ཚད་ཡར་འཕར་དེ་ ཡར་སེང་འཐོན་ཏེ་ བརྒྱ་ཆ་ ༣.༤ གུ་ གནས་ནི་བཟུམ་ཅིག་ཡོད་མི་དེ་ཡང་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་ ༠.༦ དེ་ཅིག་ ཡར་སེང་ཨིནམ་ད་ གོང་ཚད་ཡར་འཕར་དེ་ གཙོ་བོ་ར་ བཟའ་ཆས་ཀྱི་ གོང་ཚད་ཡར་སེང་འགྱོ་མི་ལས་ འཐོན་ནི་ཨིན་པས།
སྙན་ཞུ་དེ་དང་འཁྲིལ་བ་ཅིན་ འདས་པའི་ལོ་ནང་ འབྲུག་གི་དཔལ་འབྱོར་ཡར་འཕར་གྱི་ ཚད་གཞི་དེ་ བརྒྱ་ཆ་ ༥.༥ དེ་ཅིག་ ཡར་སེང་ཐོན་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ སྤྱི་ལོ་ ༢༠༢༣ ལུ་ ཡར་སེང་དེ་ བརྒྱ་ཆ་ ༤.༩ ལུ་ གནས་ཡོདཔ་སྦེ་བཀོད་ནུག།
དཔལ་འབྱོར་ཡར་འཕར་གྱི་ ཚད་གཞི་ལུ་ དེ་བཟུམ་མའི་ ཡར་སེང་ཐོན་མི་དེ་ མི་མང་མ་རྩ་གཞི་བཙུགས་དང་ ནགས་ཚལ་ལས་དོན་ཚུ་ ཡར་སེང་འབད་མི་ལུ་བརྟེན་ཏེ་ སོ་ནམ་ལས་སྡེ་ལུ་ ཁེ་ཕན་བྱུང་ནི་དེ་གིས་ ཐོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།



Users Today : 898
Users Yesterday : 1379
This Month : 898
This Year : 229739
Total Users : 941555
Views Today : 2310
Total views : 2741353
Who's Online : 6