བསོད་ནམས་ནོར་བུ་གིས་ མངོན་མཐོ་ཁྲིམས་འདུན་ལུ་མཐོ་གཏུགས།

དེ་ཚེ་ཅིག་ཁར་ ཆེ་མཐོ་ཁྲིམས་འདུན་ལས་ སྐྱེས་ལོ་ ༣༩ འབད་མི་ བསོད་ནམས་ནོར་བུ་ལུ་ སྐྱེས་ལོ་ ༢༤ འབད་མི་ རྣམ་རྒྱལ་སྒྲོལ་དཀར་ དམར་བསད་འབད་བའི་ ཉེས་འཛུགས་ཐོག་ལུ་ ཚེ་བཙོན་གྱི་ འཁྲུན་ཆོད་གནང་པའི་ཤུལ་ལས་ སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ བསོད་ནམས་ནོར་བུ་གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ནུག།
དེ་ཡང་ འགོ་དང་པ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ ཉེས་འགེལ་ཁྲིམས་ཁྲི་ལས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༡༣ ལུ་ ལོ་ངོ་ ༡༤ དང་ ཟླ་ངོ་ ༡༡ ཉིན་གྲངས་ ༢༩ གི་ བཙོན་ཁྲིམས་ཀྱི་ འཁྲུན་ཆོད་གནང་མི་ལུ་ ཁེ་རྒུད་མ་བཏབ་པར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༣ པའི་ཚེས་ ༢༧ ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ ཆེ་མཐོ་ཁྲིམས་འདུན་ལས་ སྒྱུར་བཅོས་གནང་སྟེ་ བསོད་ནམས་ནོར་བུ་ལུ་ ཉེས་ཁྲིམས་ཚེ་བཙོན་ བཀལ་གནང་པའི་ཁར་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དགོངས་དོན་ ༧.༢ པ་དང་འཁྲིལ་ཏེ་ ཉམས་རྒུད་པའི་ཕམ་ལུ་ རྒུད་འཐུས་ཚུ་ཡང་ སྤྲོད་དགོ་པའི་ འཁྲུན་ཆོད་བཏོན་གནང་ནུག།
དེ་བསྒང་ ཆེ་མཐོ་ཁྲིམས་འདུན་ལས་ རྩོད་བཤེར་དེ་ བསྐྱར་ཞིབ་གནང་པའི་སྐབས་ལུ་ ཐད་ཀར་གྱི་ དཔང་པོ་དང་ ཁས་ལེན་མེད་རུང་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་ ༢༠༠༥ ཅན་མའི་ནང་ བསོད་ནམས་ནོར་བུ་གིས་ རྣམ་རྒྱལ་སྒྲོལ་དཀར་ལུ་ གནོད་པ་བཀལ་ནི་གི་ ཀུན་སློང་དེ་ སྔ་གོང་ལས་ར་བསྐྱེད་ཡོད་པའི་ གཏན་འཁེལ་གྱི་ སྒྲུབ་བྱེད་ཐོག་ལུ་ ཚེ་བཙོན་བཀལ་གནང་ཡོདཔ་ཨིན་པས།
ཨིན་རུང་ ཁྲིམས་འདུན་ཅིག་གི་ འཁྲུན་ཆོད་ལུ་ རང་བློ་མ་ཁེངས་པ་ཅིན་ འཁྲུན་ཆོད་གནང་པའི་ཉིན་མ་ལས་ ཉིན་གྲངས་ ༡༠ གྱི་ ནང་འཁོད་ལུ་ མཐོ་གཏུགས་ཞུ་ཆོག་མི་དང་འཁྲིལ་ཏེ་ བསོད་ནམས་ནོར་བུ་གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ཡོད་པའི་གནས་ཚུལ།

Please follow and like us: