
པདྨ་དབང་འདུས།
ཀྲོང་གསར་རྫོང་ཁག་ ནུབ་སྦིས་སྟངས་སི་སྦྱིས་ འདེམས་ཁོངས་ཀྱི་ སྤྱི་ཚོགས་འཐུས་མི་ བཀྲིས་རྡོ་རྗེ་ལུ་ ཆེ་མཐོ་ཁྲིམས་འདུན་ལས་ཡང་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མེད་པའི་ འཁྲུན་ཆོད་གནངམ་ལས་ མངོན་མཐོ་ཁྲིམས་འདུན་གྱི་ སྙན་གསན་ཚུན་གྱི་རིང་ལུ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་བཞག་ནུག།
དེ་ཡང་ བཀྲིས་རྡོ་རྗེ་དེ་ རྒེད་འོག་བདག་སྐྱོང་འགོ་དཔོན་སྦེ་ ཕྱག་ཞུ་སྡོད་པའི་སྐབས་ལུ་ སྐྱེས་ལོ་ ༡༤ འབད་མི་ བུམོ་ཅིག་ ནད་གཞིས་ཐེབས་ཏེ་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ མལ་ཆའི་ནང་སྡོད་པ་ད་ འདོད་སྤྱོད་བསུན་འཚེར་འབད་བའི་ ཉེས་པ་ལུ་བརྟེན་ཏེ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་ལས་ ལོ་ངོ་ ༣ དང་ ཟླ་ངོ་ ༣ ཉིན་གྲངས་ ༢༨ ཀྱི་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
དེ་སྦེ་ བཙོན་ཁྲིམས་བཀལ་མི་ལུ་ བཀྲིས་རྡོ་རྗེ་དེ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ཡོད་རུང་ ཆེ་མཐོའ་ཁྲིམས་འདུན་ལས་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ ཨ་ལོ་ལུ་ འདོད་སྤྱོད་བསུན་འཚེར་གྱི་ བཙོན་ཁྲིམས་བཀལ་གནང་པའི་ཤུལ་ལས་ སྤྱི་ཟླ་ ༦ པའི་ཚེས་ ༤ ལུ་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ནུག།
སྐྱེས་ལོ་ ༤༣ འབད་མི་ བཀྲིས་རྡོ་རྗེ་གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་དགོ་པའི་ རྒྱུ་མཚན་དེ་ཡང་ ཉམས་རྒུད་པའི་ ངག་བརྗོད་ཚུ་དང་ དཔང་བཞག་གཞན་ཚུ་གི་བར་ན་ ཚུལ་མཐུན་མེད་པའི་ རྩོད་གླེང་ཚུ་ ཚུད་ནི་དེ་གིས་ཨིནམ་ད་ ཆེ་མཐོ་ཁྲིམས་འདུན་ལས་ ཁྲིམས་གཅོད་མ་འགྲུབ་ཚུན་ལུ་ ཉེས་དོགས་པ་དེ་གིས་ ད་རེས་ཀྱི་ ཚོགས་ཐེངས་ནང་ གྲལ་གཏོགས་འབད་དེ་ སྡོད་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་བའི་སྐབས་ལུ་ཡང་ ཉམས་རྒུད་པའི་ སྒྲུབ་བྱེད་དང་ དཔང་པོ་གཞན་ཚུ་གི་ སྒྲུབ་བྱེད་ཚུ་གི་བར་ན་ རྟགས་མ་མཐུན་པའི་ གནད་དོན་ཡོདཔ་སྦེ་ ཞུ་མི་དེ་ལུ་ ཆེ་མཐོ་ཁྲིམས་འདུན་ལས་ཡང་ སྒྲུབ་བྱེད་ལུ་ རྟགས་མ་མཐུན་པའི་ གནད་དོན་ཆུང་ཀུ་ དག་པ་ཅིག་ཡོད་རུང་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་ ༢༠༢༥ ཅན་མའི་ དོན་ཚན་ ༤༦(ཁ)པ་དང་ ༨༨ པ་ལྟར་དུ་ བདེན་ཁུངས་གཙོ་བོའི་ཐེད་ཁར་ ཐེ་ཚོམ་དང་བྲལ་བའི་ ར་ཁུངས་ཀྱི་ སྒྲུབ་བྱེད་ཡོདཔ་ལས་ ལོ་ངོ་ ༣ དང་ ཟླ་ངོ་ ༣ ཉིན་གྲངས་ ༢༡ གི་ བཙོན་ཁྲིམས་བཀལ་གནང་ནུག།
དེ་མ་ཚད་ ཆེ་མཐོ་ཁྲིམས་འདུན་ལས་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་ ༢༠༢༥ ཅན་མའི་ དོན་ཚན་ ༢༢ པ་དང་ ༤༨ པའི་འོག་ལུ་ མངོན་སྟོན་ཕུལ་བའི་ སྨན་བཅོས་ཀྱི་ སྒྲུབ་བྱེད་ཚུ་ཡང་ བསྐྱར་ཞིབ་མཛད་ཡོདཔ་ད་ སྒྲུབ་བྱེད་དེ་ཚུའི་ནང་ ཉམས་རྒུད་པའི་ སེམས་ཁམས་ལུ་ གནོད་པ་བྱུང་ཡོད་པའི་ རྒྱུ་མཚན་གཏན་འཁེལ་ཐོག་ སེམས་ཁམས་དབྱེ་ཞིབ་ཀྱི་ རྒྱབ་སྣོན་ཚུ་ཡང་ བཀོད་དེ་ཡོད་པ་ཨིན་པའི་གནས་ཚུལ།