
དགེ་ལེགས་ཕུག་ རྒྱལ་ཁམས་གོང་འཕེལ་ འགན་ལེན་བཀྲམ་སྤེལ་ལུ་ མི་མང་གིས་ ཡ་མཚན་ཆེ་བའི་ ངོས་ལེན་འབད་བ་ལུ་བརྟེན་ཏེ་ རེ་འདུན་ལས་ལྷག་པའི་ གྲུབ་འབྲས་ཐོན་ཡོདཔ་ད་ དེ་ཡང་ འབྲུག་མི་ ༣༥,༠༠༠ ལྷགཔ་ཅིག་གིས་ དངུལ་ཀྲམ་ཐེར་འབུམ་ ༣.༣ གཞི་བཙུགས་འབད་ཡོདཔ་ཨིན་པས།
པདྨ་དབང་འདུས།
སྤྱི་ཟླ་ ༦ པའི་ཚེས་ ༦ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ དགེ་ལེགས་ཕུག་ མ་རྩ་གཞི་བཙུགས་དང་ གོང་འཕེལ་ལས་འཛིན་གྱིས་ དཔའ་ཉམས་ཀྱི་སྒོ་ལས་ གསལ་བསྒྲགས་འབད་མིའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དགེ་ལེགས་ཕུག་ རྒྱལ་ཁམས་གོང་འཕེལ་འགན་ལེན་དེ་ ག་ནི་བ་ཡང་ མཐར་འཁྱོལ་ཅན་ཅིག་ བྱུང་ཡི་ཟེར་ཨིན་པས།
དེ་ཡང་ དངུལ་འབྲེལ་གྱི་ གསར་བཏོད་ལས་དོན་དེ་གིས་ རྒྱལ་ཁམས་ཀྱི་ འབྱུང་རབས་ནང་ འབྲུག་མི་ཡོངས་ཀྱི་ གཅིག་སྒྲིལ་དང་ ཀུན་ཚང་གི་ གལ་གནད་ཆེ་བའི་ བརྡ་མཚོན་སྟོན་ཡོདཔ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག
མ་གཞི་ དགེ་ལེགས་ཕུག་ རྒྱལ་ཁམས་གོང་འཕེལ་འགན་ལེན་དེ་ འགོ་བཙུགས་པའི་སྐབས་ལུ་ དངུལ་ཀྲམ་ཐེར་འབུམ་ ༢ སྦེ་ དམིགས་གཏད་བསྐྱེད་ཡོད་རུང་ འགན་ལེན་བཀྲམ་སྤེལ་ མཁོ་མངགས་འབད་མི་ ཚད་ལས་བརྒལ་ཏེ་ ཐོན་ཡོདཔ་ལས་ དུས་ཡུན་ཕར་འགྱངས་འབད་དགོཔ་ཡང་ བྱུང་ཡོདཔ་ཨིན་པས།
འགན་ལེན་བཀྲམ་སྤེལ་དེ་ མཇུག་བསྡུ་བའི་སྐབས་ལུ་ འབྲུག་མི་ ༣༥,༤༠༣ ལས་ དངུལ་ཀྲམ་ཐེར་འབུམ་ ༣.༣༤༧ བསྡུ་ལེན་འབད་ཡོད་མི་དེ་ ད་ཚུན་གྱི་བར་ན་ འབྲུག་ནང་འཁོད་ལུ་ བུ་ལོན་གྱི་ འགན་ལེན་བཀྲམ་སྤེལ་ མཐོ་ཤོས་ཨིན་པས།
འགན་ལེན་དེ་ དངུལ་འབྲེལ་གྱི་ ཐབས་ལམ་རྐྱངམ་གཅིག་མིན་པར་ མ་འོངས་པ་ལུ་ འབྲུག་མི་ཚུ་གིས་ ཡིད་ཆེས་བརྟན་པའི་ བརྡ་མཚོན་སྟོན་ཡོདཔ་ད་ དེ་ཡང་ ཧེ་མར་ དེ་བཟུམ་མའི་ འགན་ལེན་བཀྲམ་སྤེལ་ནང་ གྲལ་གཏོགས་མ་འབད་མི་ཚུ་གིས་ཡང་ ད་རེས་ འགོ་དང་པ་ མ་རྩ་གཞི་བཙུགས་འབད་དེ་ རྒྱལ་ཡོངས་ཀྱི་ འཆར་སྣང་ལུ་ ཁེ་གྱོང་འབག་མི་དེ་ དཔལ་འབྱོར་ནང་ གྲལ་གཏོགས་ཉག་གཅིག་མིན་པར་ བློ་གཏད་དང་ གཅིག་སྒྲིལ་ ཞབས་ཏོག་ཚུ་གི་ བརྡ་མཚོན་ཡང་ སྟོན་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ རྒྱལ་ཁམས་གོང་འཕེལ་འགན་ལེན་ལས་ཐོབ་མི་ མ་དངུལ་ཚུ་ དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་ཐང་གོང་འཕེལ་གྱི་དོན་ལུ་ ཟད་འགྲོ་གཏང་ནི་ཨིནམ་ད་ གནམ་གྲུ་ཐང་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དོན་གྱི་སྙིང་པོ་དང་ ལྷོ་ཨེ་ཤི་ཡ་དང་ འཛམ་གླིང་གྱི་བར་ན་ གལ་ཆེ་བའི་ མཐུད་སྦྲེལ་གོང་འཕེལ་ལུ་ འབྲུག་གི་རེ་འདུན་ཐོག་ལས་ གཞི་སྒྱུར་ཅན་གྱི་ ལས་འགུལ་ཅིག་ཨིན་པས།
གནམ་གྲུ་ཐང་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་འཆར་ཚུ་ ཡུན་བརྟན་དང་ གསར་བཏོད་ འབྲུག་གི་ངོ་རྟགས་ཚུ་ལུ་ གཞི་བརྟེན་ཐོག་ལས་ མངོན་གསལ་ཅན་སྦེ་ བསྒྲུབ་ཐབས་ལུ་ གནད་འགག་ཆེ་བའི་ གོམ་ཚད་ཅིག་ཨིན་པས།
དགེ་ལེགས་ཕུག་ རྒྱལ་ཁམས་གོང་འཕེལ་འགན་ལེན་གྱི་ གཙོ་དོན་ཚུ་ཡང་།
● རྫོང་ཁག་ག་རའི་ནང་ལས་ མི་སེར་ ༣༥,༠༠༠ ལྷགཔ་ཅིག་གིས་ འགན་ལེན་བཀྲམ་སྤེལ་ནང་ མ་རྩ་གཞི་བཙུགས་འབད་མི་དེ་ འབྲུག་གི་མ་རྩའི་ཚོང་ལམ་ནང་ སྔོན་ཆད་མ་བྱུང་བའི་ ཚད་གཞི་ཁར་ གནས་ཡོདཔ་ཨིན་པས།
● འགན་ལེན་བཀྲམ་སྤེལ་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་ ༣.༣༤༧ བསྡུ་ལེན་འབད་མི་དེ་ རྒྱལ་ཁབ་ཀྱི་ འབྱུང་རབས་ནང་ འབོར་ཆེ་ཤོས་ཀྱི་ བུ་ལོན་བསྡུ་སྒྲུབ་འབད་ནུག།
● དེ་ཡང་ རྒྱལ་གཞུང་འགན་ལེན་ བདོག་གཏད་བརྗེ་སོར་ཁང་གིས་ རྒྱལ་ཡོངས་ཨང་ཅན་ངོ་རྟགས་དང་ འབྲེལ་མཐུན་ཐོག་ལས་ གློག་ཐོག་ཡོངས་འབྲེལ་བརྒྱུད་དེ་ འགན་ལེན་བཀྲམ་སྤེལ་ མཁོ་མངགས་འབད་ནི་ལུ་ མ་རྩ་གཞི་བཙུགས་ འགོ་ཐོག་འབད་མི་ ༡༨,༠༠༠ ལྷགཔ་ཅིག་ལུ་ ཁེ་ཕན་འབྱུང་མི་དེ་ འགོ་དང་པ་ཨིནམ་ད་ དེ་ཡང་ དངུལ་འབྲེལ་ཀུན་ཚང་གོང་འཕེལ་ནང་ དཔེ་སྲོལ་མེད་པའི་ གོམ་པ་མདུན་སྤོ་ཅིག་ཨིན་པས།
● འགན་ལེན་ཚུ་ རྒྱལ་གཞུང་འགན་ལེན་ བདོག་གཏད་བརྗེ་སོར་ཁང་གི་འོག་ལུ་ ཐོ་བཀོད་འབད་དེ་ འགན་ལེན་སྤྲོད་པའི་ ཉིན་མ་ལས་ ལོ་ངོ་ ༡ གི་ཤུལ་ལས་ ཚོང་སྒྱུར་འགོ་བཙུགས་ནི་དང་ ལོ་ལྔའི་བར་ན་ སྐྱིན་ཚབ་སྤྲོད་ནི་མེད་པའི་ དབང་ལུ་བསྡུ་ནི་ཨིན་པས།
དགེ་ལེགས་ཕུག་ རྒྱལ་ཁམས་གོང་འཕེལ་འགན་ལེན་དེ་གི་ དུས་ཡུན་ལོ་གྲངས་ ༡༠ དང་ ཁྲལ་དགོངས་ཡངས་ཐོག་གི་ སྐྱེད་ཚད་བརྒྱ་ཆ་ ༡༠ རེ་འབདཝ་ལས་ འབྲུག་མི་ཚུ་གིས་ ཡུན་རིང་རྒྱལ་ཁམས་གོང་འཕེལ་གྱི་དོན་ལུ་ ཐད་ཀར་དུ་ གལ་ཆེ་བའི་ དངུལ་འབྲེལ་ཕན་འདེབས་འབད་ཡོདཔ་ད་ འགན་ལེན་ཚུ་ ད་རེས་ རྒྱལ་གཞུང་འགན་ལེན་ བདོག་གཏད་བརྗེ་སོར་ཁང་གི་འོག་ལུ་ ལུགས་མཐུན་ཐོག་ལས་ ཐོ་བཀོད་གྲུབ་ནུག།.
དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་ཐང་བཟོ་བསྐྲུན་དེ་ དུས་ཅི་ལས་ འགོ་བཙུགས་ནི་སྦེ་ཡོདཔ་ད་ དགེ་ལེགས་ཕུག་ རྒྱལ་ཁམས་གོང་འཕེལ་ འགན་ལེན་དེ་གིས་ འབྲུག་གི་མ་འོངས་པའི་ གོང་འཕེལ་དུས་སྐབས་ནང་ མི་མང་གྲལ་གཏོགས་ཀྱི་ ནུས་སྟོབས་ཡོད་པའི་ རྟགས་མཚན་ཡང་ཨིན་པས།
འབྲུག་པའི་མི་སེར་ཚུ་གིས་ དེ་བཟུམ་མའི་ ཕན་འདེབས་འབད་མི་དེ་ཡང་ དྲན་ཤེས་དང་ ཀུན་ཚང་ མ་འོངས་པའི་དོན་ལུ་ གྲ་སྒྲིག་བཅས་ གོང་འཕེལ་གཏང་ནི་ལུ་ གཅིག་སྒྲིལ་དང་ བློ་གཏད་ རེ་འདུན་ཚུ་གི་ འདུ་ཤེས་དམ་གཟབ་ཀྱི་ བརྡ་མཚོན་སྟོནམ་ཨིན་པའི་གནས་ཚུལ།






Users Today : 501
Users Yesterday : 1856
This Month : 64697
This Year : 64697
Total Users : 776513
Views Today : 707
Total views : 2314126
Who's Online : 5