
པདྨ་དབང་འདུས།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༡༠ པའི་ དགོངས་དོན་ ༡༠ པ་དང་འཁྲིལ་ཏེ་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཚོགས་ལྷན་བཞུགས་ནང་ རྒྱལ་ཁམས་ཀྱི་ ལོ་བསྟར་གནས་སྟངས་སྙན་ཞུ་ ཐེངས་ ༢ པ་ཕུལ་ནུག།
སྙན་ཞུ་དེ་ གཞུང་གི་ཁྲིམས་བཟོའི་འཆར་གཞི་དང་ རྒྱལ་ཡོངས་ཀྱི་གཙོ་རིམ་ཚུ་ ལེའུ་ཚན་ ༥ ལུ་དབྱེ་སྟེ་ བཀོད་མི་དེ་ནང་ རྒྱལ་ཁབ་ཀྱི་ སྐབས་ཐོག་གནས་སྟངས་དང་ དོ་འགྲན་ཚུ་དང་ དེ་ལས་ དོ་འགྲན་ཚུ་ལུ་ གཞུང་གི་གདོང་ལན་འཆར་གཞི་དང་ གཞུང་གི་ཁྲིམས་བཟོའི་ འཆར་གཞི་དང་སྦྲགས་ཏེ་ རྩིས་ལོ་ ༢༠༢༥-༢༦ གི་ གཞུང་གི་འཆར་གཞི་དང་ གཙོ་རིམ་ཚུ་ ཚུད་དེ་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་གྱིས་ རྒྱལ་ཁམས་ཀྱི་ ཡར་འཕེལ་སྐོར་ལས་ གཙོ་རིམ་བཟུང་སྟེ་ ཞུ་མིའི་ནང་ འབྲུག་རྒྱལ་ཁབ་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བའི་ལམ་སྟོན་ཐོག་ལུ་ ཞི་བདེ་དང་ རང་དབང་ཅན་གྱི་ རྒྱལ་ཁབ་ཅིག་སྦེ་ གནས་ཏེ་ཡོདཔ་ད་ གལ་ཆེ་བའི་ གྲུབ་འབྲས་ཚུ་གི་ཐེད་ཁར་ འབྲུག་མི་ཚུ་གི་ ཚེ་ཚད་དེ་ སྐྱེས་ལོ་ ༧༠ གུ་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཞུ་ནུག།
ན་གཞོན་གྱི་ ཤེས་ཡོན་ཚད་གཞི་ བརྒྱ་ཆ་ ༩༩ ལུ་ ལྷོད་དེ་ཡོདཔ་མ་ཚད་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ཡང་ སྤྱི་ལོ་ ༢༠༡༩ ལུ་ དངུལ་ཀྲམ་ཐེར་འབུམ་ ༡༩༣ འབད་ས་ལས་ སྤྱི་ལོ་ ༢༠༢༤ ལུ་ དངུལ་ཀྲམ་ཐེར་འབུམ་ ༢༧༣ གུ་ ཡར་སེང་སོང་ཡོད་མི་ཚུ་གི་སྐོར་ལས་ གཙོ་རིམ་བཟུང་སྟེ་ ཞུ་ཡོདཔ་ཨིན་པས།
ཨིན་རུང་ བློན་ཆེན་གྱིས་འབད་བ་ཅིན་ འབྲུག་པའི་མི་སེར་ ༦༦,༠༠༠ (མི་རློབས་ལས་བརྒྱ་ཆ་ ༨.༥) ཕྱིའི་རྒྱལ་ཁབ་ཚུ་ནང་ སྡོད་ཡོད་མི་དེ་གིས་ འབྲུག་གི་རིག་རྩལ་ཅན་གྱི་ ལས་མིའི་གོ་སྐབས་ མེདཔ་བཟོ་མི་དེ་ དོ་འགྲན་ཅན་ཅིག་ལུ་ གྱུར་ཡོད་ལུགས་དང་ གནད་དོན་དེ་དང་འབྲེལ་ཏེ་ དཔལ་འབྱོར་ལུ་ ཤུགས་སྣོན་འབད་དགོཔ་ གལ་ཆེ་བའི་སྐོར་ལས་ཡང་ སྙན་ཞུ་ཕུལ་ནུག།
དེ་ཡང་ ཐབས་བྱུས་གཙོ་བོ་ཚུ་གི་སྐོར་ལས་ སྙན་ཞུ་ཕུལ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ ལོ་ལྔའི་འཆར་གཞི་ ༡༣ པའི་ འཆར་དངུལ་བགོ་བཀྲམ་སྡོམས་ དངུལ་ཀྲམ་ཐེར་འབུམ་ ༥༡༢ ཨིནམ་ད་ སྤྱི་ལོ་ ༢༠༥༠ འཐོན་པའི་སྐབས་ལུ་ འབྲུག་རྒྱལ་ཁབ་འདི་ འབབ་ཁུངས་མཐོ་བའི་ རྒྱལ་ཁབ་ལུ་ གཞི་སྒྱུར་གྱི་དོན་ལུ་ཡོད་པའི་ དུས་རབས་ ༢༡ པའི་ དཔལ་འབྱོར་གྱི་ མདུན་ལམ་ཚུ་ ཚུད་དེ་ཡོདཔ་ཨིན་པས།
དེ་མ་ཚད་ མི་རྗེ་བློན་ཆེན་གྱིས་ ནུས་ཤུགས་དང་ སོ་ནམ་ ཨང་ཅན་དཔལ་འབྱོར་ བལྟ་བཤལ་ ཤེས་རིག་དང་ གསོ་བ་ཚུ་ གཙོ་རིམ་གྱི་ ལས་སྡེ་སྦེ་ གསལ་བཤད་ཕུལ་ཡོདཔ་ད་ དེ་ཚུའི་གྲུབ་འབྲས་ཚུ་ཡང་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ ༢ པའི་ ལག་ལེན་འགོ་བཙུགས་ཡོད་མི་དང་ དཔལ་འབྱོར་ལྷན་ཐབས་ལས་རིམ་འོག་ལུ་ དངུལ་ཀྲམ་ཐེར་འབུམ་ ༣.༥ འཛིན་གྲོལ་གནང་ཡོདཔ་སྦེ་ ཞུ་གནང་ནུག།
དེ་ལས་ ཨ་ལོ་རེ་ལུ་ ཉིན་བསྟར་སྒོང་རྡོག་རེ་ཟེར་བའི་ ལས་རིམ་འགོ་བཙུགས་ཡོད་མི་དང་ མི་དབང་མངའ་བདག་རྒྱལ་པོའི་ བཀའ་ཤོག་དང་འཁྲིལ་ཏེ་ འཁོར་ལམ་དང་ སློབ་གྲྭ་ སྨན་ཁང་གསརཔ་ཚུ་གིས་གཙོ་པའི་ ཤེས་རིག་གི་ གཞི་རྟེན་མཁོ་ཆས་ནང་ མ་རྩ་གཞི་བཙུགས་དང་ བལྟ་བཤལཔ་ནང་བསྐྱོད་ ལམ་སྲོལ་ཕྱིར་ཚོང་ ཞབས་ཏོག་ཡར་དྲག་ རྒྱལ་སྤྱིའི་དོན་ལུ་ ངོ་རྟགས་བཀོད་ནི་ཚུ་གི་སྐོར་ལས་ ཞུ་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་གྱིས་ གནད་དོན་གཞན་ཚུ་ཡང་ བསྐྱིན་ཚབ་ཀྱི་དུས་ཚོད་ ལོ་ ༡ གི་དོན་ལུ་ ཕར་འཕུལ་དང་ དཔལ་འབྱོར་ལྷན་ཐབས་ལས་རིམ་འཕྲོ་མཐུད་ ན་གཞོན་ཚུ་གི་དོན་ལུ་ ལཱ་གཡོག་གི་ གོ་སྐབས་གཏོན་ནི་ ཚོང་ལཱ་འགོ་བཙུགས་ཀྱི་དོན་ལུ་ མ་རྩའི་རྒྱབ་སྐྱོར་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་གཞི་བཙུགས་ ཕྱི་ཁའི་ཐད་ཀར་གྱི་ མ་རྩ་གཞི་བཙུགས་ལུ་ནན་སྐུལ་ དེ་ལས་ དུས་རབས་ ༢༡ པའི་ དཔལ་འབྱོར་གྱི་ མདུན་ལམ་ལག་ལེན་འཐབ་ནི་ལུ་ དམིགས་བསལ་གྱི་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་ནི་ཚུ་གི་སྐོར་ལས་ སྙན་ཞུ་ཕུལ་ནུག།
ཁྲིམས་བཟོའི་གཙོ་དོན་ཚུ་གི་ཐེད་ཁར་ ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ དཔྱད་ཡིག་ཆ་འཇོག་དང་ འབབ་ཁུངས་ཁྲལ་གྱི་དཔྱད་ཡིག་ ཆ་འཇོག་གིས་གཙོས་པའི་ དངུལ་རྩིས་གཞི་སྒྱུར་གཙོ་བོ་ཚུ་གི་ སྙན་ཞུ་ཕུལ་ཡོདཔ་ཨིན་པས།
ད་རེས་ཀྱི་ ཚོགས་ཐེངས་ནང་ དཔྱད་ཡིག་བསྡོམས་ ༧ ཕུལ་ཡོདཔ་ད་ དཔྱད་ཡིག་དེ་ཚུ་གི་གྲས་ལས་ ཆུའི་དཔྱད་ཡིག་ ༢༠༡༡ ཅན་མ་དང་ ས་གཏེར་དང་ གཏེར་རྫས་འཛིན་སྐྱོང་བཅའ་ཁྲིམས་ ༢༠༡༢ ཅན་མ་ དེ་ལས་ ཉོ་སྤྱོད་ཚོང་མགྲོན་ཉེན་སྲུང་བཅའ་ཁྲིམས་ ༢༠༡༢ ཅན་མ་ཚུ་ ཞི་གཡོག་བཅའ་ཁྲིམས་ ༢༠༢༢ ཅན་མ་དང་ འབྲེལ་མཐུན་ཐོག་ལས་ འཕྲི་སྣོན་གནང་ནི་སྦེ་ཞུ་ནུག།
མཇུག་སྡུད་ལུ་ མི་རྗེ་བློན་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ དགོངས་བཞེད་ཚུ་ བསྒྲུབ་ནི་ལུ་ གཞུང་གི་ཁས་ལེན་ཡོད་ལུགས་ མི་སེར་རེ་རེ་བཞིན་གྱིས་ རྒྱལ་ཁམས་གོང་འཕེལ་ནང་ གྲལ་གཏོགས་འབད་དགོ་པའི་ སྐུལ་མ་དང་ འབྲུག་མི་ཚུ་ ཡུ་ཨེཛ་ལུ་ ཆོག་ཐམ་དུས་ཡུན་ཡོལ་མི་ཚུ་གིས་ རང་སོའི་ཁས་བླངས་ཐོག་ལས་ ལོག་འོང་དགོ་པའི་ ནན་སྐུལ་དང་བཅས་ མི་དབང་མངའ་བདག་རིན་པོ་ཆེའི་ སྐུ་ཚེ་ཞབས་པད་བརྟན་ནི་དང་ འཕྲོ་མཐུད་ཀྱི་ ལམ་སྟོན་བཟང་པོ་ལུ་ སྨོན་འདེབས་ཕུལ་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1378854
Views Today :
Total views : 5000
Who's Online :