
པདྨ་དབང་འདུས།
སྤྱི་ཟླ་ ༨ པའི་ཚེས་ ༡༡ ལས་ ༡༣ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ ཐིམ་ཕུ་གཏེར་མ་གླིང་ཀའི་ བཟའ་ཁང་ནང་སྦེ་ འབྲུག་གི་སྤྱི་ཚོགས་ཀྱིས་ དམངས་གཙོའི་རིང་ལུགས་དང་ བཙག་འཐུའི་གྲོགས་རམ་ལས་དོན་གྱི་ རྒྱལ་སྤྱི་གཙུག་སྡེ་དང་ མཉམ་འབྲེལ་ཐོག་ལས་ འབྲུག་གི་དམངས་གཙོའི་རིང་ལུགས་ནང་ གནས་ཚུལ་རྩོམ་སྒྲིག་གི་ འགན་ཁུར་ཟེར་མི་ བརྡ་བརྒྱུད་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནུག།
ཞལ་འཛོམས་དེ་ནང་ མི་རྗེ་ཚོགས་དཔོན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་ དེ་ལས་ རྒྱལ་ཡོངས་བརྡ་བརྒྱུད་ཀྱི་ ལས་གཡོགཔ་དང་ གནས་ཚུལ་བསྡུ་བཀོདཔ་ འགོ་འདྲེན་འཐབ་མི་ ཡིག་ཚང་ ༢ ཀྱི་ ལས་གཡོགཔ་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ཞལ་འཛོམས་འགོ་འབྱེད་སྐབས་ལུ་ མི་རྗེ་ཚོགས་དཔོན་གྱིས་ ཞལ་འཛོམས་ནང་ གྲལ་གཏོགས་འབད་མི་དང་ མཉམ་འབྲེལ་པ་ཚུ་ལུ་ བཀའ་དྲིན་ལེགས་སོ་ཡོད་ལུགས་དང་ དམངས་གཙོའི་རིང་ལུགས་ བཙན་ཐབས་ལུ་ རང་དབང་དང་ བཟང་སྤྱོད་ཅན་གྱི་ བརྡ་བརྒྱུད་ཀྱི་ དགོས་མཁོ་ཡོད་ལུགས་ཚུ་གསུངས་ནུག།
མི་རྗེ་ཚོགས་དཔོན་གྱིས་ ང་བཅས་རའི་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ གཞུང་གི་གཙོ་རིམ་དང་ སྲིད་བྱུས་ཚུ་ མི་སེར་ཚུ་ལུ་ བརྒྱུད་སྤེལ་འབད་ནིའི་ནང་ འགན་ཁུར་གལ་ཅན་ འབག་པ་ལུ་བརྟེན་ཏེ་ དྭངས་གསལ་དང་ དལ་དབང་ འགན་འཁྲི་ཚུ་ལུ་ བརྩི་མཐོང་ཡོདཔ་སྦེ་ བཞག་ནི་ལུ་ ཕན་ཐོགས་བྱུང་མས་ཟེར་ཨིན་པས།
དེ་མ་ཚད་ བརྡ་བརྒྱུད་ཞལ་འཛོམས་དེ་གི་ དགོས་དོན་དེ་ སྤྱི་ཚོགས་དང་ བརྡ་བརྒྱུད་ཀྱི་བར་ན་ ཡུན་རིང་གི་བློ་གཏད་དང་ འགན་ཁུར་བགོ་བཤའི་ འབྲེལ་བ་བཙན་ཐབས་འབད་ནི་དང་ བརྡ་དོན་གྱི་གོ་སྐབས་ ལེགས་སྒྱུར་དང་གཅིག་ཁར་ བརྡ་དོན་ནོར་བ་ཁྱབ་སྤེལ་དང་ དྭངས་གསལ་མེད་པའི་ གནས་སྟངས་ཚུ་གི་ དོ་འགྲན་ཚུ་ བསལ་དགོཔ་ཡོད་པའི་སྐོར་ལས་ལས་ བསལ་བཤད་གནང་ནུག།
དམངས་གཙོའི་རིང་ལུགས་དང་ བཙག་འཐུའི་གྲོགས་རམ་ལས་དོན་གྱི་ རྒྱལ་སྤྱི་གཙུག་སྡེའི་ ཨེ་ཤི་ཡ་དང་ པེ་སི་ཕིག་གི་ ལུང་ཕྱོགས་མདོ་ཆེན་ ཨམ་ལི་ན་ རི་ཀི་ལ་ ཏ་མང་གིས་ དམངས་གཙོའི་གཞུང་སྐྱོང་ནང་ དྭངས་གསལ་དང་ འགན་འཁྲི་ཚུ་ ངེས་གཏན་བཟོ་ནིའི་ནང་ བརྡ་བརྒྱུད་ཀྱི་ དལ་དབང་དང་ རང་དབང་གི་ གལ་གནད་སྐོར་ལས་ བཤད་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ཡང་ སྤྱི་ཚོགས་ཀྱི་ཁ་ཐུག་ལས་ གནས་ཚུལ་བསྡུ་བཀོདཔ་ཚུ་གི་དོན་ལུ་ དམངས་གཙོའི་བྱ་སྒོ་ཚུ་གི་ གོ་བ་གཏིང་ཟབ་བཟོ་ནི་དང་ བཟང་སྤྱོད་བཙན་ཐབས་ དེ་ལས་ སྲིད་འབྲེལ་གྱི་ སྙན་ཞུ་འབད་ཐངས་ འཁྲུལ་མེད་བཟོ་ནི་དང་ སྤྱི་ཚོགས་དང་ བརྡ་བརྒྱུད་ཚུ་གི་བར་ན་ ཡུན་རིང་གི་མཉམ་འབྲེལ་ གོང་འཕེལ་གཏང་ནིའི་ནང་ བརྩོན་ཤུགས་ཀྱི་ ཆ་ཤས་ཅིག་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དེ་ཡང་ སྤྱི་ཚོགས་ཀྱི་ བརྡ་བརྒྱུད་ཀྱི་ གྲལ་གཏོགས་ཐབས་བྱུས་གསརཔ་ གོང་འཕེལ་བཏང་ཡོད་མིའི་ ལམ་སྟོན་ཐོག་ལུ་ ཞལ་འཛོམས་དེ་ནང་ སྤྱི་ཚོགས་ཀྱི་ འཐུས་མི་དང་ རྒྱལ་ཡོངས་དང་ རྒྱལ་སྤྱིའི་བརྡ་བརྒྱུད་མཁས་མཆོག་ དེ་ལས་ ཉམས་མྱོང་ཅན་གྱི་ གནས་ཚུལ་བསྡུ་བཀོདཔ་དང་ སྤྱི་ཚོགས་ཀྱི་ འགོ་དཔོན་ཚུ་ མཉམ་གཅིག་འཛོམས་ནི་གི་ དུས་སྐབས་ཅིག་ཡང་ཨིན་པས།
ད་རེས་ དེ་བཟུམ་མའི་ ལས་རིམ་འགོ་བཙུགས་མི་དེ་གིས་ བརྡ་བརྒྱུད་དང་ སྤྱི་ཚོགས་ཀྱི་བར་ན་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ ཁྲིམས་དོན་བྱ་སྒོ་དང་ གཙོ་རིམ་ ནང་ གྲལ་གཏོགས་ཚུ་དང་ འབྲེལ་མཐུན་འབད་དེ་ བརྡ་བརྒྱུད་ཀྱི་ གྲལ་གཏོགས་ཐབས་བྱུས་དང་ སྤྱི་ཚོགས་ཀྱི་ གནས་ཚུལ་བཀྲམ་སྤེལ་ འཆར་གཞི་ཚུ་ ཆ་གནས་ཡོདཔ་དང་ ལག་ལེན་འཐབ་ནི་ཚུ་ བཙན་ཐབས་འབྱུང་ནི་ཨིནམ་སྦེ་བཀོད་ནུག།
དེ་མ་ཚད་ ཐོན་རིམ་ཅན་གྱི་ གནས་ཚུལ་བསྡུ་བཀོདཔ་ཚུ་གི་དོན་ལུ་ བཟང་སྤྱོད་ཐོག་གི་ སྲིད་འབྲེལ་གནས་ཚུལ་དང་ གནས་ཚུལ་གྱི་ འགན་ཁུར་དྭངས་གསལ་དང་ འགན་འཁྲི་ཚུ་དང་འབྲེལ་བའི་ ཞལ་འཛོམས་ཚུ་ སྤྱི་ཚོགས་ཀྱིས་ འགོ་ཁྲིད་འབད་མི་དེ་གིས་ བློ་གཏད་དང་ ཡུན་བརྟན་ཅན་གྱི་ མཉམ་འབྲེལ་གོང་འཕེལ་ གཏང་ཚུགས་ནི་ཨིན་པའི་གནས་ཚུལ།