
པདྨ་དབང་འདུས།
སྤྱི་ཟླ་ ༨ པའི་ཚེས་ ༡༣ ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་ དྲག་ཤོས་པདྨ་ཚེ་དབང་གིས་ མི་རྗེ་བློན་ཆེན་མཆོག་ལུ་ ཞུ་བ་ཅིག་ ཕུལ་བའི་ནང་གསལ་ དངུལ་རྩིས་ལྷན་ཁག་ལས་ སྣུམ་འཁོར་གྱི་ཐོབ་ལམ་ དགོངས་ཡངས་བཏང་མི་ལུ་ ཁྲིམས་མཐུན་ཡོད་མེད་དང་འབྲེལ་བའི་ ཚ་གྱང་ཡོད་ལུགས་ཚུ་བཀོད་ནུག།
ཞུ་ཡིག་དེ་ནང་ དངུལ་ཕོགས་བསྐྱར་བཟོའི་ བཅའ་ཁྲིམས་ ༢༠༡༩ ཅན་མ་དང་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་ ༢༠༢༢ ཅན་མའི་འོག་ལུ་ གནང་ཡོད་མི་ སྣུམ་འཁོར་གྱི་ ཐོབ་ལམ་དེ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡ པ་ལས་ ཅ་དམ་ཁྲལ་མ་གཏོགས་ ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ བཅའ་ཁྲིམས་དང་ ནང་ཁྲལ་བཅའ་ཁྲིམས་ ༢ བསྟར་སྤྱོད་འབད་བའི་ཤུལ་ལས་ ཆ་མེད་འགྱོ་ནི་ཨིན་པའི་ གསལ་བསྒྲགས་འབད་མི་ལུ་ ཚ་གྱང་ཚུ་ བཀོད་ཡོདཔ་ཨིནཔས།
ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ གསལ་བསྒྲགས་དེ་ལུ་ ཁྲིམས་དོན་བསྐྱར་ཞིབ་འབད་མི་དང་འཁྲིལཝ་ད་ བདག་སྐྱོང་ཁྲིམས་དོན་གྱི་ གཞི་རྩ་གཙོ་བོ་ཚུ་དང་ ཁྲིམས་དོན་གྱི་གོ་བ་ རྩ་ཁྲིམས་ཅན་གྱི་ གཞུང་སྐྱོང་ཚུ་དང་ ཚུལ་མཐུན་མིན་འདུག་ཟེར་བཀོད་ནུག།
སྣུམ་འཁོར་གྱི་ ཐོབ་ལམ་དེ་ ཁྱད་ཚད་གྲུབ་མི་ ཞི་གཡོགཔ་ཚུ་ལུ་ ལོ་ངོ་ ༧ རེའི་ དུས་ཡུན་ནང་ ཁྲིམས་མཐུན་གྱི་ ཐོབ་ལམ་ཅིག་ཨིནམ་ད་ དེ་ཡང་ དངུལ་ཕོགས་བསྐྱར་བཟོའི་ བཅའ་ཁྲིམས་ ༢༠༡༩ ཅན་མ་དང་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་ ༢༠༢༢ ཅན་མའི་འོག་ལུ་ ཚུད་དེ་ཡོད་མི་ དགོངས་དོན་སྦེ་ཨིན་པས།
དེ་མ་ཚད་ ལྡོག་ཕྱོགས་ཀྱི་ཁ་ཐུག་ལས་ དང་པར་དུ་ འབྲུག་གི་ཅ་ཆས་དང་ ཞབས་ཏོག་བཅའ་ཁྲིམས་ ༢༠༢༥ ཅན་མའི་ནང་ དངུལ་ཕོགས་བསྐྱར་བཟོའི་བཅའ་ཁྲིམས་དང་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་འོག་གི་ ཐོབ་ལམ་གྱི་ དགོངས་དོན་ཚུ་ ཆ་མེད་དང་ ཡང་ཅིན་ ཚབ་འཛིན་གྱི་ དགོངས་དོན་ག་ནི་ཡང་མེད་ལུགས་དང་། གཉིས་པ་ ཁྲིམས་ལུགས་ནང་ འདས་པ་ཕྱིར་ལྟོས་མེད་པའི་ གཞི་རྩ་དེ་གིས་ སྔ་གོང་གི་ ཆ་གནས་ཅན་གྱི་ ཁྲིམས་ལུགས་འོག་ལུ་ གནང་ཡོད་མི་ ཐོབ་ལམ་སྲུང་སྐྱོབ་འབདཝ་ཨིན། གསུམ་པ་ བཀོད་ཁྱབགསལ་བསྒྲགས་ཚུ་གིས་ སྤྱི་ཚོགས་ཀྱི་ བཅའ་ཁྲིམས་ཚུ་ ཁྲིམས་དོན་འཕྲི་སྣོན་དང་ ཡང་ཅིན་ ཆེད་དུ་བཀོད་པའི་ དབང་ཆ་མེད་པར་ ཆ་མེད་གཏང་མི་ཆོག། བཞི་པ་ རྐྱང་ཕྱོགས་ཀྱིས་ དེ་བཟུམ་མའི་ ཁེ་ཕན་ཚུ་ ཆ་མེད་གཏང་མི་དེ་གིས་ མི་མང་གི་ ཁྲིམས་དོན་བློ་གཏད་ལུ་ གནོད་པ་བྱུང་སྲིད་པའི་ ཚ་གྱང་ཚུ་ཡོད་ཟེར་བཀོད་ནུག།
དེ་འབདཝ་ལས་ ལྡོད་ཕྱོགས་ཀྱིས་ གཞུང་ལུ་ ནན་སྐུལ་འབད་ནི་དེ་ཡང་ གོང་ལུ་བཀོད་མི་ གསལ་བསྒྲགས་དེ་ ཆ་མེད་གཏང་སྟེ་ ད་ལྟོ་ཡོད་མི་ དགོངས་ཡངས་ཚུ་གི་ དུས་ཡུན་མ་རྫོགས་ཚུན་ དགོངས་ཡངས་དེ་ཚུ་ལུ་ བརྩི་བཀུར་མཛད་གནང་ཟེར་ཨིནམ་ད་ སྤྱི་ཚོགས་ནང་ལས་ ཆ་འཇོག་གྲུབ་མི་ ཁྲིམས་ལུགས་ཚུ་གི་ ཁྲིམས་དོན་བྱ་སྒོ་དང་ དབང་ཁྱབ་ཀྱི་ དྲང་བདེན་ལུ་ གཞུང་གིས་ བརྩི་བཀུར་ཐོག་ལས་ གཞི་རྩའི་ཐོབ་ལམ་ཚུ་ལུ་ ཤན་ཞུགས་འབད་བའི་ ཁྲིམས་དོན་ཁུངས་བཤད་ཚུ་ དྭངས་གསལ་ཅན་སྦེ་ སྤྲོད་གནང་དགོཔ་སྦེ་ཡང་ཨིན་པས།
མི་རྗེ་བློན་ཆེན་གྱིས་ གནད་དོན་དེ་ལུ་ ཐུགས་བཞེད་གནང་སྟེ་ འོས་འབབ་དང་ལྡན་པའི་ བར་འཛུལ་མཛད་ནི་དང་ གཞུང་སྐྱོང་དེ་ ཁྲིམས་མཐུན་དང་ སྔོན་དཔག་འབད་ཚུགས་པའི་ དྲང་བདེན་ཐོག་ལུ་ གནས་ནི་ཡོདཔ་ ངེས་གཏན་བཟོ་གནང་པའི་ རེ་བ་ཡོད་ལུགས་ཚུ་ཡང་ བཀོད་ཡོད་པའི་གནས་ཚུལ།




Users Today : 1696
Users Yesterday : 3320
This Month : 92140
This Year : 388106
Total Users : 1099922
Views Today : 2626
Total views : 3073686
Who's Online : 16