རྒྱ་གར་གཞུང་ལས་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་དོན་ལུ་ འཛིན་གྲོལ་ཐེངས་ ༤ པའི་ནང་ དངུལ་ཀྲམ་ཐེར་འབུམ་ ༢.༥ གི་ དངུལ་འཛིན་རྩིས་སྤྲོད།

སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ མི་རྗེ་བློན་ཆེན་མཆོག་ དབུ་བཞུགས་ཐོག་ལུ་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ སཱན་དིབ་ཨ་རི་ཡ་གིས་ འབྲུག་གི་དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་ལུ་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་དོན་ལས་ འཛིན་གྲོལ་ཐེངས་ ༤ པའི་ནང་ དངུལ་ཀྲམ་ཐེར་འབུམ་ ༢.༥ གི་ དངུལ་འཛིན་ཅེག་ ཕུལ་ཡོདཔ་ཨིན་པས།

དེ་བསྒང་ མི་རྗེ་བློན་ཆེན་གྱིས་ རྒྱ་གར་གཞུང་ལས་ མ་དངུལ་འཛིན་གྲོལ་ དེ་འཕྲལ་ལས་ གནང་མི་དེ་ཡང་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ སཱན་དིབ་ཨ་རི་ཡ་གིས་ གྲོགས་རམ་ལུ་བརྟེན་ཏེ་ཨིནམ་ལས་ རྒྱ་གར་གཞུང་ཚབ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ དེ་བཟུམ་སྦེ་ རྒྱ་གར་གྱི་བློན་ཆེན་ ཤྲཱི་ན་རེན་ད་ར་ མོ་དི་དང་ རྒྱ་གར་གཞུང་ལུ་ཡང་ འབྲུག་གི་མི་སེར་ཚུ་གི་ཧོངས་ལས་ སེམས་ཀྱི་གདིང་ལས་ར་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ཡང་ གསུངས་གནང་ནུག། ད་རེས་ འཛིན་གྲོལ་འབད་མི་ མ་དངུལ་དེ་རྩིསཝ་ད་ དཔལ་འབྱོར་ལྷན་ཐབས་ལས་རིམ་འོག་ལུ་ མ་རྩ་གཞི་བཙུགས་ གལ་ཅན་ཚུ་གི་ རྒྱབ་སྐྱོར་ལུ་ རྒྱ་གར་གཞུང་གིས་ ཁས་ལེན་གྲུབ་པའི་ དཔལ་འབྱོར་ལྷན་ཐབས་མ་དངུལ་ ཐེར་འབུམ་ ༡༥ གི་ཐོག་ལས་ ཐེར་འབུམ་ ༡༠ འཛིན་གྲོལ་གནང་ཡོད་པའི་གནས་ཚུལ། 

Please follow and like us: